[171B] །རྒྱ་གར་སྐད་དུ། སཱ་དྷཱིཥྛཱ་ན་ཀྲ་མ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་རང་གི་སྙིང་གར་ ཉི་མའི་གདན་ལ་ཧཱུཾ་ཡིག་གི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་གདན་དྲངས་ཏེ། དཔག་ཏུ་མེད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྟོང་བ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་རྡོ་རྗེའི་རྣམ་པ་སེམས་ཀྱིས་བསམས་ཏེ། དེ་ཡོངས་སུ་ གྱུར་པ་ལས་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་ར་བ་ལ་སོགས་པ་བསམས་ལ། དེའི་དབུས་སུ་དཔལ་ཨོ་ཌི་ཡཱ་ན་ང་གི་གནས་གྲུ་གསུམ་དམར་པོ་དེའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་རྣམ་པར་གནས་པ། དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་སེམས་ཀྱི་གཟུགས་བསྐལ་པ་ཆེན་པོའི་མེ་ལྟ་བུ་ མེ་སྟག་གྱེན་དུ་འབར་བ་ཟིལ་གྱིས་མི་ནོན་པའི་གད་རྒྱངས་ཅན། ཞབས་གཡོན་བརྐྱང་གིས་བདུད་བཞི་ཟིལ་གྱིས་ཡང་དག་པར་མནན་པ། ཕྱག་བཅུ་གཉིས་པ། ཞལ་དྲུག་པ། སྤྱན་གསུམ་པ། སྐུ་མདོག་དམར་མོའོ། །གཡས་ཀྱི་ཕྱག་དྲུག་རྣམས་སུ་རལ་གྲི་དང། སྣ་ཚོགས་རྡོ་རྗེ་དང། རྡོ་རྗེ་རྩེ་གཅིག་དང་ [172A]༄༅། །དགྲ་སྟ་དང། མདའ་དང། གཏུན་ཤིང་རྣམས་བསྣམས་པའོ། །ཕྱག་གཡོན་པ་རྣམས་སུ་སྡིགས་མཛུབ་དང་བཅས་པའི་ཁབ་དང། རྩེ་གསུམ་དང། མྱ་ངན་མེད་པའི་ཡལ་ག་དང། གཞུ་དང། ཞགས་པ་དང། ཚངས་པའི་མགོ་བོ་རྣམས་བསྣམས་པའོ། །མི་མགོའི་ཕྲེང་བ་འཕྱང་བས་ཡན་ལག་ དང་ཉིང་ལག་ཐམས་ཅད་བརྒྱན་པ། སྟག་གི་པགས་པའི་སྟོད་གཡོགས་ཅན། རྩ་བའི་ཞལ་དམར་པོ། དཀར་པོ་དང། ནག་པོ་ནི་གཡོན་པའི་ཞལ་གཉིས་སོ། །སེར་པོ་དང། ནག་པོ་ནི་གཡས་པའི་ཞལ་གཉིས་སོ། །སྟེང་དུ་ནི་ཕག་ཞལ་ནག་པོའོ། །ལྗགས་འདྲིལ་ཞིང་སྐྲ་ཁམ་པ་གྱེན་དུ་འབར་བ། རྣམ་ པར་སྣང་མཛད་ཀྱིས་དབུ་བརྒྱན་པ། ལག་འགྲོ་དང་རུས་པའི་རྒྱན་གྱིས་བརྒྱན་པ། རང་གི་འོད་ཟེར་གྱིས་བདུད་ཐམས་ཅད་རྣམ་པར་འཇོམས་པ། ཕྱོགས་བཅུར་གནས་པའི་མཁའ་འགྲོ་མ་དང། འབྱུང་པོ་དང། རོ་ལངས་དང། ཕཻཾ་ཀཱ་ར་དང། ཧ་ཧ་ཞེས་འཇིགས་པའི་སྒྲ་སྒྲོགས་པས་ཡོངས་སུ་བསྐོར་བའི་དུར་ ཁྲོད་བརྒྱད་ཀྱིས་བརྒྱན་པ། དཔལ་ལྡན་ཨོ་ཌི་ཡཱ་ནའི་འོད་ཟེར་ཅན་གྱི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ལ་མགོ་བོ་དང། མགྲིན་པ་དང། སྙིང་ག་རྣམས་སུ། ཨོཾ་ཨཱཧཱུཾ་ངོ། །ཡན་ལག་ཐམས་ཅད་ལ་ཕཊ་ཀྱི་ཡི་གེ་བསམ་པར་བྱའོ། །དེ་ནས་ལྟེ་བའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་ལ་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་ བའི་དབུས་སུ་ཧཱུཾ་ཡིག་ལས་པདྨའི་རྩ་བའི་རང་བཞིན་སྣ་ཚོགས་ཀྱི་ཡི་གེ་བསམ་པར་བྱའོ། །ཨོཾ་བཛྲ་སཏེ་ཤྭ་རི་སརྦ་དུཥྚཱན་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་ཨཱཧཱུཾ་བསྒོམ་པའི་སྔགས་སོ། །ཨོཾ་བཛྲ་བི་ཏཱ་ལཱི་ཧཱུཾ་ཕཊ་བཟླས་པའི་སྔགས་སོ། །ཨོཾ་མཱ་རཱི་ཙྱཻ་ཨོཾ་ མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་གཉིས་པའི་བཟླས་པའི་སྔགས་སོ། །དེའི་རྗེས་སུ་ཐུན་མཚམས་བཞིར་གཏོར་མའི་སྔགས་ནི་ཨོཾ་ཨཱ་རལླི་ཧོ་ཛཧཱུཾ་བཾ་ཧོཨོཾ་བཛྲ་ཌཱ་ཀཱི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨ་ད་ཨ་པསྨཱ་རོ་ཌཱ་ཀི་ནྱཱ་ད་ཡ་ཨི་དཾ་བ་ལིཾ་གྲིཧྞ་ཐཱ་པི་པ་ཐཱ་མཱ་ཏི་ཀྲ་མ་ཐཱ་མ་ཧཱ་སུ་ཁ་བི་བྲྀདྡྷ་ཡེ་མ་མ་ས་ཧཱ་ ཡི་ཀ་བྷ་བ་ཐ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱ་ཧཱ། ཟས་ལ་སོགས་པ་ལ་ཡང་ཧྲཱིཡིག་གམ་ཧཱུཾ་ཡིག་ལ་སོགས་པས་ཡང་དག་པར་སྦྱངས་ལ་སྤྱད་པར་བྱའོ། །སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པའི་ཨོ་ཌི་ཡཱ་ནའི་རང་བྱིན་གྱིས་བརླབ་པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།